གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ།

གྲུབ་དབང་སངས་རྒྱས་མཉན་པ་རིན་པོ་ཆེ།

༄༅།  །དེ་ཡང་བོད་དུ་གངས་ཅན་ལྗོངས་འདིར་རྒྱལ་བསྟན་རིན་པོ་ཆེའི་སྙིང་པོ་སྒྲུབ་རྒྱུད་ཤིང་རྟ་མཆེད་བརྒྱུད་ཅེས་གྲགས་པའི་ཡ་གྱལ།  མཉམ་མེད་འགྲོ་མགོན་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་སྐྱེས་བུ་ནམ་མཁའི་རྒྱུ་སྐར་དང་ས་ཆེན་པོའི་རྡུལ་ལྟ་བུ་ད་ལྟའི་བར་དུ་ཟམ་མ་ཆད་པར་བྱོན་པའི་སྒྲུབ་བརྒྱུད་རིན་པོ་ཆེ་ཀཾ་ཚང་གི་དོན་གྱི་བརྒྱུད་པ་ནི།  གདོད་མ་ཉིད་ནས་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་བརྙེས་ཟིན་ཀྱང་གང་འདུལ་དེར་སྣང་གི་རོལ་པ་འགོག་ཏུ་མེད་པས།  རྒྱལ་ཚབ་མ་ཕམ་པ་སོགས་ས་བཅུ་བྱང་ཆུབ་སེམས་དཔའ་དུ་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཅིང་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་མོར་གྲུབ་པ་དང་།  འགྲོ་བའི་དོན་སྣ་ཚོགས་མཛད་པ་ལས།  རྒྱལ་དབང་ཐམས་ཅད་གཟིགས་པ་ཆེན་པོ་བདུན་པ་ཆོས་གྲགས་རྒྱ་མཚོའི་ཐུགས་ཀྱི་སྲས་སུ་གྱུར་ཅིང་།  ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རིགས་ཀྱི་བདག་པོར་དབང་བསྐུར་ཅིང་ཟུང་འཇུག་གསེར་རིའི་ཕྲེང་བར་བཞུགས་སུ་གསོལ་བའི་སངས་རྒྱས་མཉན་པ་གྲུབ་ཆེན་ཞེས་ཡོངས་སུ་གྲགས་པ་ནི།  འཛམ་ཉག་མཆོད་རྟེན་བཞེངས་པ་པོ་དྲན་པ་ཡེ་ཤེས་གྲགས་པའི་སྤྲུལ་གཞི་གཅིག་ལས་སྤྲུལ་པ་དུ་མ་ཅིག་ཅར་དུ་སྟོན་པ་ས་ཐོབ་སྐྱེས་བུ་དམ་པའི་མཛད་པ་བསམ་གྱིས་མི་ཁྱབ་པའོ།།  རྗེ་དེ་ཉིད་ཀྱིས་འདན་ཡུལ་ཆོས་སྡེ་ཆེན་པོ་བཏབ།  བསམ་སྦྱོར་ངན་པའི་སྐྱེ་བོ་འགས་རྩོད་པ་བྱུང་བ་ས་གཡོས་ཆེན་པོས་དེ་དག་གི་སྣོད་བཅུད་ཕལ་ཆེར་བཤིག་རྗེ་དེ་ཉིད་ཁང་རྩེག་བཞི་ཐོག་གི་སྟེང་ནས་ནམ་མཁར་འཕུར་བར་གྲགས།  དེ་ནས་དགོན་པ་སྤོ་ཏེ་རྨ་འབྲི་བྱང་ཆུབ་གླིང་བཏབ།  དགེ་འདུན་གྱི་སྡེ་ཆེན་པོ་ཚུགས། རྗེ་བརྒྱད་པའི་རིགས་ཀྱི་བདག་པོ་མཛད་ཅིང་སྨིན་གྲོལ་གྱིས་བསྐྱངས་པ་སོགས་བསྟན་ལ་སྨན་པའི་བྱ་བ་མ་ཚང་བ་མེད་པ་བསྒྲུབས་ཤིང་མཐར་དགུང་ལོ་རེ་ལྔ་བཞེས་པའི་སྐབས་སུ་དགོངས་པ་མྱ་ངན་ལས་འདས།  རྗེ་འདི་ཡི་སྤྲུལ་གཞི་ཡང་རྒྱལ་ཚབ་བྱམས་པ་མགོན་པོ་དང་སློབ་དཔོན་ཡེ་ཤེས་སྙིང་པོ་དང་གཡག་ཕྲུག་སངས་རྒྱས་དཔལ་སོགས་ཡིན་པར་གྲགས་ཤིང་།  ཁྱད་པར་དུ་དམ་པ་དེ་ཉིད་མྱ་ངན་ལས་ཞག་པ་བདུན་སོང་བའི་ནུབ་མོ་རྒྱལ་དབང་བརྒྱད་པའི་གཟིམ་ལམ་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞིག་གིས་གླུ་རུ་བླངས་པ་འདི་ལྟར།  སྔོན་གྱི་ཚེ་ན་རྒྱལ་བ་བདེ་བའི་གླུ།  །སྙིགས་མའི་དུས་སུ་དྲན་པ་ཡེ་ཤེས་ཉིད།  །ད་ལྟར་བྱང་ཕྱོགས་རྣམ་པར་བཀོད་པ་ན།  །དྲུག་འབུམ་བདུན་ཁྲིའི་དགེ་སློང་བདུན་བདར་ཏེ།  འདན་མ་གྲུབ་ཆེན་ཚུལ་ནི་འདི་ལྟར་རོ།།  ཞེས་པཎྜི་ཏ་སྨྲྀཏི་གཞན་དུ་ཉེ་བར་བཟུང་བ་སྣང་ཞེས་ཀུན་མཁྱེན་དྷརྨ་ཀ་རས་གསུངས།

སྐུ་ཕྲེང་གཉིས་པ་ལྷུན་པོ་རབ་བརྟན།  གསུམ་པ་དགེ་ལེགས་སྙིང་པོ།རྗེ་འདི་རྣམ་གཉིས་ཀྱི་མཛད་ཕྲིན་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་གཞན་དོན་དུ་འཆད་རྩོད་རྩོམ་གསུམ་གྱི་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ཀྱང་རྣམ་ཐར་སྐབས་འདིར་མ་སྤྲོས།  བཞི་པ་དགེ་ལེགས་རྒྱ་མཚོ།  ཁོང་ཉིད་ཟུར་མང་གྲྭ་མང་ནང་དུ་ཐོས་བསམ་སྒོམ་གསུམ་བྱ་བ་མཐར་ཕྱིན་ཏེ་བསྟན་འགྲོའི་དོན་སྒྲུབ་པའི་ཕྱིར།  ཆོས་ཀྱི་སྙང་པོ་རྟེན་འབྲེལ་ལ་རགས་ལས་ཤིང་གང་ས་གང་དུ་ས་དཔྱད་ལེགས་པོར་གཟིགས་སྐབས་གདན་ས་འདི་ཉིད་ལ་ས་སྐྱོང་ཆེན་པོ་ར་དྷ་བེཧུ་ཞེས་དཀར་པོའི་ཆོས་ལ་བློ་དཀར་ཞིང་ནག་པོའི་སྡིག་པའི་ལས་རྣམས་རབ་ཏུ་སྤང་ཤིང་།  དམན་ལ་བྱམས་སྐྱོང་དང་རྒོད་པོ་ཚོད་མེད་ཀྱི་གཉའ་གནོན།  ལྷ་བླ་མ་ལ་མཆོད་པ་དང་ཁྱི་སྤྲང་པོ་ལ་སྦྱིན་པ་བྱེད་ནུས་པའི་འབྱོར་ཕྱུག་གི་སྡེ་པ་ཞིག་ཆགས་ཡོད།  ས་སྐྱོང་དེ་ཉིད་ཀྱིས་བརྒྱུད་སྒྱུ་འཕྲུལ་དྲྭ་བ་འཇམ་དཔལ་མཚན་བརྗོད་ཐུགས་དམ་མཛད་ཅིང་བཞུགས་པར་ཆོས་ཀྱི་རྒྱལ་པོ་ལེགས་པར་འཛུགས་ཞེས་པའི་སྐབས་སུ་སངས་རྒྱས་མཉན་པ་དགེ་ལེགས་རྒྱ་མཚོ་འདིར་ཕེབས་པ་དུས་མཉམ་སྐབས་བླ་གྲྭ་དཔོན་སློབ་ཕྱག་ཕེབས་པར་ལེགས་ཞེས་ཞུས།  རྟེན་འབྲེལ་ལ་གོངས་ཏེ་རྗེ་ཉིད་ཀྱིས་སྐྱེ་བོ་ངན་པས་རྩོད་པ་བྱུང་ནས་འདན་ཡུལ་ཆོས་སྡེ་ཆེན་པོ་བཤིག་ཚུལ་དང་རྨ་འབྲི་བྱང་ཆུབ་གླིང་རི་བོ་དགེ་ལྡན་པའི་གྲུབ་མཐར་སྒྱུར་ཚུལ་དང་།  ད་ལྟ་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཡ་གྱལ་དྭགས་པོ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་ཆོས་སྡེ་ཞིག་ཕྱག་འདེབས་དགོས་གསུངས་པས།  དཔོན་དེ་ལེགས་སོ་ལེགས་སོ་དང་དེ་ལྟར་ན་གནས་སྐབས་སུ་རང་གི་མགོ་སྦྲ་འདིའི་ནང་ལ་བཞུགས་པ་དང་།  སླད་དུ་དགེ་འདུན་སྡེ་རྒྱས་ཀྱི་མཐུན་རྐྱེན་སྒྲུབ་པ་ཁས་འཆེ་བྱས་པས།  དེ་ནས་ས་ཞིང་ཕྱུགས་འཚོ་བ་ལ་བན་ཆེན་བན་ཆུང་སོགས་ལེགས་པོ་བཀོད་སྒྲིག་བྱས་ཏེ་སྒ་བན་ཆེན་ཕུན་ཚོགས་དར་རྒྱས་གླིང་འདི་ཉིད་ཕྱག་བཏབ།  རྗེ་དེ་ཉིད་ནས་བཟུང་ལྔ་པ་བདེ་ལེགས་སྙིང་པོ།  དྲུག་པ་སྒྲུབ་བརྒྱུད་བསྟན་དར།  བདུན་པ་ཤེས་རབ་སྙིང་པོ།  བརྒྱད་པ་བསྟན་འཛིན་གྲུབ་མཆོག  དགུ་པ་བཤད་སྒྲུབ་བསྟན་པའི་ཉི་མ།  བཅུ་པ་རང་བྱུང་འཕྲིན་ལས་ཀུན་ཁྱབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་ནི།  ད་ལྟ་དེར་བཞུགས་ཤིང་བསྟན་འགྲོའི་དོན་མཛད་བཞིན་པའོ།། 

 

©2020. Benchen Sungrab Gyunpel Khang. All Rights Reserved. Coded with by KTM Rush. Design Creativity Rajen Shrestha